༄༅། །དཔལ་ཆེན་རྟ་མགྲིན་པདྨ་ཡང་གསང་གི་ཉམས་ལེན་རྒྱུན་འཁྱེར་བཞུགས་སོ།།
༈ ཆོས་དབྱིངས་ངང་ལས་ཁྲག་ཞག་འཁྱིལ་བའི་དབུས།། པད་ཉི་བམ་རོ་བརྩེགས་པའི་གདན་སྟེང་དུ།། ཧྲཱི༔ལས་བྱུང་བའི་དབང་ཆེན་རྟ་མཆོག་དཔལ།། ཞལ་གསུམ་ཕྱག་དྲུག་ཞབས་བཞི་སྲིན་པོའི་གཟུགས།། དམར་ནག་གཡས་དཀར་གཡོན་ལྗང་ཁྲོས་པའི་སྐུ།། ཞལ་གདངས་མཆེ་བ་གཙིགས་ཤིང་ལྗགས་དམར་གཡོ།། སྤྱན་གསུམ་མེ་ལྟར་འབར་བའི་ཁྲོ་གཉེར་བསྡུས།། ཁམས་སེར་རལ་པའི་ཁྲོད་ན་རྟ་མགོ་མཛེས།། བསྐམ་རློན་ཐོད་པ་སྦྲུལ་གདུག་རྒྱན་གྱིས་བརྒྱན།། ཕྱག་དྲུག་དང་པོ་པདྨ་བྷན་དྷ་ཡིས།། མཛེས་ཤིང་ཡུམ་མཆོག་གར་དབང་མ་ལ་འཁྱུད།། བར་མ་གཉིས་ཀྱིས་ལྕགས་ཀྱུ་ཞགས་པ་དང༌།། ཐ་མས་བེ་ཅོན་རལ་གྲི་འབར་བ་བསྣམས།། གླང་ཆེན་ཀོ་རློན་སྟག་པགས་ཤམ་ཐབས་ཅན།། ཞབས་བཞི་གཡས་བསྐུམ་གཡོན་བརྐྱངས་ཚུལ་གྱིས་བཞུགས།། གསང་ཡུམ་མཐིང་ནག་ཚལ་གཅིག་ཕྱག་གཉིས་ཀྱིས།། ཙིཏྟ་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད།། སྙོམས་པར་འཇུག་པས་མེ་དཔུང་འབར་བའི་དབུས།། བཞུགས་པའི་གནས་གསུམ་ཡི་གེའི་འོད་ཟེར་གྱིས།། ཡེ་ཤེས་སྤྱན་དྲངས་དབྱེར་མེད་བརྟན་པར་བཞུགས།། དངོས་གྲུབ་ཀུན་སྩོལ་བར་ཆད་ཀུན་སེལ་བའི།། པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ།། མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་སོ་སོར་བཤགས།། དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་དང༌།། སྲིད་མཐར་བཞུགས་གསོལ་དགེ་ཚོགས་ཐམས་ཅད་བསྔོ།། དབང་ཆེན་ཐུགས་ཀའི་སྔགས་ཕྲེང་འབར་བ་ཡི།། འོད་ཟེར་སྤྲོ་བསྡུ་དོན་གཉིས་སྒྲུབ་བྱེད་པ།། ཏིང་འཛིན་མི་གཡེལ་རྩེ་གཅིག་བཟླས་བརྗོད་བྱ།།
ཧྲཱི༔བཛྲ་ཀྲོ་དྷ་ཧཱ་ཡ་གྲཱི་ཝ་ཧ་ལུ་ཧུ་ལུ་ཧཱུཾ་ཕཊ།། ལན་གང་མང་བཟླ། དེ་ལྟར་བསྒྲུབས་པའི་དགེ་ཚོགས་ཟླ་ཟེར་ལྟར།། མཆོག་ཏུ་དཀར་བ་ཇི་སྙེད་བསགས་པ་དེས།། ཁྲོ་རྒྱལ་ཡང་གསང་ཁྲོས་པའི་སྐུར་གྱུར་ནས།། འགྲོ་ཀུན་དེ་ཡི་ས་ལ་འགོད་པར་ཤོག ། ཅེས་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའོ།། །།
༈ ཧྲཱི༔ ཡིག་ལས་སྐྱེས་བཛྲ་ཀྲོ་དྷ་ཞེས།། ཧ་ཡ་གྲཱི་ཝ་བགེགས་ལ་རྔམས་པའི་ཞལ།། ཧུ་ལུ་ཧུ་ལུ་ཧཱུྃ་དང་ཕཊ་ཀྱི་སྒྲ། ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ།། ཧྲཱི༔བཛྲ་ཀྲོ་དྷ་ཧཱ་ཡ་གྲཱི་ཝ་ཧ་ལུ་ཧུ་ལུ་ཧཱུཾ་ཕཊ།། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས།། པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས།། མ་རིག་ལྡོངས་པའི་སྐྱེ་ཚོགས་ཐམས་ཅད་ལ།། རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོགས་པར་ཤོག །།
No comments:
Post a Comment