༄༅། །གདུག་དཀར་བསྟོད་པ་དང་དེའི་ལྡོག་པ་བཞུགས་སོ།།
༈ རྒྱལ་བ་བྱེ་བ་བདུན་དང་འཕགས་པའི་འཁོར།། དྲང་སྲོང་རིགས་སྔགས་འཆང་དང་ཚངས་དབང་དང༌།། ལེགས་ལྡན་ནག་པོ་གདུང་བདུན་བདེ་གཤེགས་བཅུ།། ཕྱག་འོས་རྣམས་ལ་གུས་པས་ཕྱག་བྱས་ནས།། བདེ་གཤེགས་གཙུག་ནས་གསང་སྔགས་ཚིག་ཕྱུང་སྟེ།། གང་གིས་བསྔགས་པ་འཁོར་ལ་བཀའ་བསྩལ་བའི།། དཔལ་ལྡན་གདུགས་དཀར་ཅན་ལ་བསྟོད་པར་བྱ།། འཆི་མེད་དབང་པོའི་མདུན་ས་ཆོས་བཟང་དུ།། ཤཱཀྱའི་རྒྱལ་པོའི་མཚན་མཆོག་གཙུག་ཏོར་ནས།། ལེགས་འཁྲུངས་བདུད་ཀྱི་རིགས་ཀྱིས་མི་ཐུབ་ཅིང༌།། ཕས་ཀྱི་རྒོལ་བ་ཐམས་ཅད་ཕྱིར་ཟློག་པས།། གཞན་གྱིས་མི་ཐུབ་གཙུག་ཏོར་གདུགས་དཀར་ཞེས།། ཡོངས་སུ་གྲགས་པས་ས་གསུམ་ཀུན་ཁྱབ་པ།། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ།། བཅོམ་ལྡན་འདས་མ་ཁྱོད་ལ་བདག་ཕྱག་འཚལ།། གདོན་དང་རྒྱུ་སྐར་གཟའ་ཡི་གནོད་པ་དང༌།། དུས་མིན་འཆི་དང་སྡིག་པའི་རྨི་ལམ་དང༌།། དུག་མཚོན་མེ་དང་ཆུ་ཡི་གནོད་པ་སོགས།། མ་ལུས་ཞི་མཛད་ཁྱོད་ལ་ཕྱག་འཚལ་ལོ།། སྐུ་ཡི་དཀྱིལ་འཁོར་ཁྱོན་ནི་ཤིན་ཏུ་ཡངས།། དུ་མའི་ཉམས་ཅན་དབུ་ནི་སྟོང་ཕྲག་དང༌།། འབར་བའི་ཕྱག་མཚན་ལྡན་པའི་ཕྱག་སྟོང་ཅན།། ས་གསུམ་དཀྱིལ་འཁོར་ཀུན་ལ་དབང་མཛད་མ།། དྲག་ཤུལ་ཆེ་སོགས་ཉེར་གཉིས་ཕྱག་རྒྱའི་འཁོར།། གདུག་པ་འདུལ་བའི་ལས་ལ་ཐོགས་མེད་པས།། ནག་པོའི་སྡེ་རྣམས་རྡུལ་དུ་བརླག་མཛད་པའི།། རིག་སྔགས་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ།། དུས་མིན་འཆི་དང་ནད་ཀྱི་འཇིགས་པ་སོགས།། མི་དང་མི་མིན་འབྱུང་པོས་བསྐྱེད་པ་ཡི།། འཇིགས་པ་དྲན་ནས་ཁྱོད་ལ་སྐྱབས་འཆའ་ན།། འཇིགས་པ་ཀུན་ལས་རྟག་ཏུ་སྲུང་དུ་གསོལ།། ལྷ་ཀླུ་ལྷ་མ་ཡིན་ལ་སོགས་པ་ཡི།། གདོན་ཆེན་རྣམས་དང་གཟི་བརྗིད་མདངས་འཕྲོག་ཅིང༌།། མངལ་དང་ཤ་ཁྲག་ལ་སོགས་ཟ་བ་ཀུན།། ཁྱོད་ཞབས་དྲན་པ་ཙམ་གྱིས་བཟློག་ཏུ་གསོལ།། གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡི།། བདག་ཅག་བདེ་ལེགས་འཕྲོག་པའི་རིགས་སྔགས་སོགས།། མ་ལུས་བཅད་དང་འབར་བའི་ཕུར་བ་ཡི།། དེ་དག་རྣམས་ལ་གདབ་པའི་འཕྲིན་ལས་མཛོད།། མདོར་ན་བཅོམ་ལྡན་མ་ཁྱོད་ཕྱག་རྒྱའི་འཁོར།། སྐྱབས་སུ་བཟུང་ནས་རེ་བ་འཆའ་བ་ཡི།། ཚུལ་འདི་དགོངས་ལ་འགལ་རྐྱེན་ཀུན་ཞི་ཞིང༌།། མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད།། བདེ་བཤེགས་གཙུག་ནས་གདུགས་དཀར་ལྷ་མོ་ཞེས།། གདོན་དང་བགེགས་རིགས་འབྱུང་པོའི་ཚོགས་བཅས་ཀུན།། ཕྱེ་མར་འཐག་བྱེད་རྔམས་པའི་གཟི་བརྗིད་ཅན།། བཅོམ་ལྡན་མ་ཁྱོད་ཐུབ་བསྟན་རྒྱས་པར་མཛོད།། བདེ་གཤེགས་ཐུགས་རྗེའི་གཙུག་ཏོར་ལས་འཁྲུངས་ཤིང༌།། བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས།། བདེ་ལེགས་འབྲས་བུ་ཉེར་བར་སྩོལ་མཛད་པའི།། བདེ་མཆོག་གདུགས་དཀར་ཅན་གྱི་བཀྲ་ཤིས་ཤོག །ཅེས་པའང་བྱའོ། གཙུག་གཏོར་གདུགས་དཀར་ཅན་ལ་བསྟོད་པ་འདི་ནི། ༧བློ་བཟང་གྲགས་པའི་དཔལ་གྱི་སྡོམ་བརྩོན་ཤེས་རབ་རྒྱལ་མཚན་ལ་སོགས་པས་བསྐུལ་བའི་ངོར་སྦྱར་བའོ།།
༈ བདེ་གཤེགས་གཙུག་ཏོར་ལྟར་མི་མངོན་པ་ལས།། ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ།། མཚན་ཙམ་བོས་པའི་རིགས་སྔགས་མེ་ཡིས་ཀྱང༌།། བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ།། དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི།། སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་མས།། མི་དང་མི་མིན་འབྱུང་ལས་བྱུང་བ་ཡི།། འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ།། ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས།། སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས།། ཉེར་འཚེས་མི་ཚུགས་ཕྱིར་ཟློག་འཕྲིན་ལས་ཀྱིས།། བདག་ཅག་རྣམ་པ་ཀུན་ཏུ་སྲུང་དུ་གསོལ།། ཞེས་པ་འདི་ནི་ཕ་རོལ་གྱི་སྐྱེ་བོ་མི་བསྲུན་པས་རིགས་སྔགས་ངན་པའི་སྦྱོར་བས་བྱད་མནན་སོགས་གཙོ་གྱུར་གྱི་ཉེར་འཚེའི་མཚན་མ་ཞི་བའི་འདོད་གསོལ་གདུགས་བསྟོད་སོགས་ཀྱི་གཤམ་དུ་ཁ་ཏོན་བྱེད་རྒྱུར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།།
༈ བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས།། མཐུ་སྟོབས་ཐོགས་པ་མི་མངའ་ཞིང༌།། ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས།། བདག་གིས་གསོལ་བ་བཏབ་པ་བཞིན།། སངས་རྒྱས་བསྟན་པ་དར་བ་དང༌།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།། ཆགས་ཆེ་ཉམ་ང་ཟློག་ཏུ་གསོལ།། རྨི་ལམ་མཚན་མ་ངན་པ་ཟློག །དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །ཡས་ཀྱི་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལངས་པ་ཟློག །དཔྲལ་བ་གཤེད་དུ་བརྐོས་པ་ཟློག །ཕ་མེས་དུར་སྲི་ལངས་པ་ཟློག །མི་ལ་ནད་དུ་གཏོང་བ་ཟློག །ཕྱུགས་ལ་གོད་ཁ་བྱེད་པ་ཟློག །གནམ་གྱི་དལ་ཁ་ཐེབས་པ་ཟློག །ས་ཡི་དུག་མདའ་གཡོས་པ་ཟློག །སྨེ་བ་སྤར་ཁ་ངན་པ་ཟློག །སྐེག་དང་ཕུང་སྲི་ལངས་པ་ཟློག་ཏུ་གསོལ།། ཞེས་པ་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་ཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ།། །།