༄༅། །ཡེ་ཤེས་མཁའ་འགྲོ་མ་སེངྒེའི་གདོང་ཅན་གྱི་ཟློག་པ་བཞུགས་སོ།།
༈ སངས་རྒྱས་ཆོས་དང་ཚོགས་ཀྱི་ཆོས་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ༔སྭརྦ་དྷརྨཱ༔སྭ་བྷཱཝ་ཤུདྡྷོཉཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་དང༌། རོའི་གདན་ལ་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན། གཡས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྟག་གི་གདོང་པ་ཅན། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དོམ་གྱི་གདོང་པ་ཅན། གསུམ་ཀའང་མགྲིན་པ་མན་ཆད་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ཉི་མའི་དཀྱིལ་འཁོར། གཡོན་ཟླ་བའི་དཀྱིལ་འཁོར། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། མཁའ་སྤྱོད་ཀྱི་གནས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པ་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མ་ཡ་ཛ༔ཛ༔ དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་མཛད་མ།། དམ་ཉམས་དགྲ་བགེགས་ཐལ་བར་རློག་མཛད་མ།། ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན།། བསྟན་སྲུང་ཆེན་མོ་འཁོར་བཅས་གཤེགས་སུ་གསོལ།། ལན་གསུམ་བརྗོད། སྤྱན་དྲངས་པའི་ལྷ་ཚོགས་དེ་རྣམས་ཀྱིས་བདག་ཉིད་ལ་མགོན་སྐྱབས་དང་དཔུང་གཉེན་གྱི་ཚུལ་དུ་བཞུགས་པར་གྱུར། རང་གི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་གཡས་སྐོར་དུ་བསྐོར་བར་གྱུར།
ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ། ན་མོ་བླ་མ་ཡང་དག་པའི་ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱི་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བདེན་པ་དང༌། ཁྱད་པར་དུ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལ་སོགས་པའི་མཁའ་འགྲོ་མ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་ཐམས་ཅད་ལ་སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། བསམ་པ་ངན་པ། སྦྱོར་བ་རྩུབ་པ་ཐམས་ཅད་ཕྱིར་བཟློག་ཅིང་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་འཕྲིན་ལས་མཛོད་ཅིག །མཁའ་འགྲོ་བྱེ་བའི་ཚོགས་རྣམས་ཀྱིས།། དགྲ་བགེགས་བྱད་མ་ཐམས་ཅད་ཀྱི།། ལུས་ངག་ཐལ་བའི་རྡུལ་དུ་རློགས།། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ།། མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ན།། མངོན་ཤེས་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན།། སྒྲུབ་པ་པོ་ལ་མ་གཡེལ་བུ་བཞིན་གཟིགས།། གནས་གསུམ་མཁའ་འགྲོའི་གཙོ་ལ་ཕྱག་འཚལ་ལོ།། གང་གི་སྒོ་ནས་མི་བསྲུན་སྐྱེ་བོ་ཡི།། བདག་ཅག་བདེ་ལེགས་འཕྲོག་པའི་རིགས་སྔགས་སོགས།། མ་ལུས་བཟློག་ཅིང་གཞན་དུ་བསྒྱུར་བ་ཡིས།། བཤད་སྒྲུབ་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད།། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པ།། དེ་ཡི་ས་ལ་འགོད་པར་ཤོག །གནས་འདིར་བྱིན་རླབས་དཔལ་འབྱོར་མི་ཉམས་ཞིང༌། བསམ་སྦྱོར་ངན་པའི་གདུག་རྩུབ་ཞི་བ་དང༌།། ཚུལ་ཁྲིམས་རྣམ་པར་དག་པའི་ཁུར་འཛིན་པའི།། དགེ་འདུན་ཚོགས་ཀྱིས་གང་བའི་བཀྲ་ཤིས་ཤོག ། །།
No comments:
Post a Comment